མགར་དགོན་ལོ་རྒྱུས་མདོར་བསྡུས།

མགར་དགོན་ཉང་ཆེན་བྱང་ཆུབ་ཆོས་འཁོར་གླིང་ནི། འཛམ་གླིང་ས་ཡི་གཙུག་རྒྱན་དུ་མཆོད་པའི་བསིལ་ལྡན་གངས་གྱི་རི་བོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་ཆོལ་གསུམ་བོད་ཀྱི་ནང་ཚན་མདོ་སྟོད་མི་ཡི་ཆོལ་ཁ་མདོ་ཁམས་ས་ཡི་ཐིག་ལེ། ཟླ་ལྕི་བར་མི་རབ་སྒང་། སྒ་འགྲུ་འདྲེས་མའི་གཡས་ཟུར། ནང་ཆེན་འཆིལ་སྐེ་ཐང་གི་གཡོན་ཕྱོགས་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་མདུན་ཐད་དཔལ་གཡང་ཕྱུག་མོ་དལ་གྱིས་འབབ་པའི་སྨད་འགྲམ། ཉང་ཆེན་པདྨའི་ལུང་པ་ཞེས་དེང་སྐབས་ཡུལ་ཤུལ་ཁུལ་ནང་ཆེན་རྫོོང་སྤྲེལ་ཚྭ་ཞང་གི་ལྷོ་ཕྱོགས་ལེ་དབར་བདུན་བཅུའི་སར་དཔལ་ཆུ་སྨད་མའི་ཡུལ་ཚོ་ལུང་པ་པད་མ་དམར་པོ་ཁ་ཕྱེ་འདྲ་རྒྱབ་རི་གླང་ཆེན་འགྱིང་འདྲ། གཡས་རི་སྟག་མོ་འཁྱོང་འདྲ། གཡོན་བྲག་སེང་གེ་ངར་འདྲ། མདུན་རི་རྟགས་བརྒྱད་བཀོད་འདྲ། བླ་མཚོ་ཡོོན་ཆབ་བཤམས་འདྲ་སོགས་ས་ཡི་སྲུང་བཞི་ཚང་ཞིང་ཡུལ་གྱི་དགེ་བཅུ་ལྡན་པའི་གནས། སའི་མཐོ་ཚད་མཚོ་ངོས་ལ། ལིས་རྨིའི་བཞི་སྟོང་གཅིག་བརྒྱ་ལྷག་ཡོད་པའི་མཚོ་བོད་ཞིང་འབྲོག་གཉིས་ཀྱི་ས་མཚམས་མགར་དགོན་རང་བྱུང་ངོ་མཚར་མཛེས་པའི་ཡུལ་ལྗོང་ཆེན་མོ་ཞེས་པ་ཕྱི་ལྟར་ན་རང་བྱུང་མཛེས་པའི་ཡུལ་ལྗོང་། ནང་ལྟར་ན་རི་བོ་གྲུ་འཛིན་གཉིས་པ། གསང་བ་ལྟར་ན་འོག་མིན་གསང་ཆེན་རོལ་བའི་བཀོད་པ་ཡོངས་སུ་ཚང་བའི་སྣོད་བཅུད་དག་པའི་ཞིང་ཁམས། །སྤྱི་ལྟར་ན་ངོ་མཚར་ཡིད་དབང་འགུགས་པའི་རང་བྱུང་གི་ལྕགས་ཀྱུ། ལུས་སེམས་ངལ་བ་གསོ་བའི་སྐྱེ་དངོས་ཀྱི་འབོལ་སྟེགས། དྭངས་གཙང་མཁའ་དབུགས་སྙོམས་པའི་བདུད་རྩི་ཡི་སྨན་ལྗོང། ཡིད་འོང་ལྟ་ན་སྡུག་པའི་སྐྱིད་ཚལ་གྱི་ར་བས་བསྐོར་བའི་གནས་དེར་བསིལ་ལ་དྭངས་བའི་གཡུ་མཚོ་། མཐིང་ལ་གསལ་བའི་མཁའ་དབྱིངས་། དྭངས་ལ་བསིལ་བའི་ཆུ་བོ། ལྗང་ལ་སྣུམ་པའི་རྩ་ཐང་། དཀར་ལ་འཚེར་བའི་གངས་རི། མཐོ་ལ་གཟར་བའི་བྲག་རི་དག་གི་དབྱིབས་དང་ཁ་དོག་གི་རྣམ་པ་དུས་བཞིའི་འགྱུར་ལྡོག་གི་སྣང་ཚུལ། ཉི་ཟླ་འཁོར་བགྲོད་ཀྱིས་གཟུགས་རིས། སྔ་ཕྱིས་དུས་ཚོད་ཀྱིས་འགྱུར་འགྲོས་རྐྱེན་ལས་རྣམ་པ་སྣ་ཚོགས་ཀྱི་བལྟད་མོའི་བཟློས་གར་མིག་འཕྲུལ་བཞིན་སྣང་པའི་རང་བྱུང་དཔལ་གྱི་ཞིང་། མཛེས་དགུའི་ཡོན་ཏན་མཐའ་དག་ལྟུན་གྱི་གྲུབ་པའི་གནས་མཆོག་ཁྱད་འཕགས་ངོ་མཚར་བའི་མཛེས་ལྗོངས་ཀྱིས་བཀོད་པ་ཡང་ཤར་ཕྱོགས་སུ་གནས་ཆེན་རྡོ་རྗེ་ཁྱུང་རྫོང་། ཀླུ་བདུད་སོག་མ་མེད། གནས་ནང་བླ་མ་སྒྲུབ་ཕུག ཨ་དཀར་ཕུག །དྲེག་འདུལ་གླང་ཆེན་དཔལ་སེང་གི་སྐུ་གདུང་མཆོད་རྟེན་སོགས་གནས་མང་པོ་འདུས་པའི་ས་ཡིན་པས་ན་གནས་ནང་ཞེས་ད་ལྟ་བཙུན་དགོན་བདེ་ཆེན་ཚལ་དེར་ཡོད། གནས་རི་གྱང་དགེ་རུ་མགར་གྲུབ་་ཐོབ་འཆི་མེད་རྡོ་རྗེ་འཁྲུངས་ཡུལ་དང་རག་ཤྲི་ཚང་གི་ཕ་ས། ལྷ་ཀླུ་གཉེན་གསུམ་གྱི་གནས་རི་དང་ཡུལ་ལྷ་རག་རྒྱལ་སྤོ་རྒྱལ་ངོམ་རྒྱལ་སོགས་གཞི་བདག་དྲག་རྩལ་ཅན་དང་ཤོ་ཡ་མཚོ་ནག་མ་སོགས་མཚོ་དང་འཚེའུ་ཆུ་མིག་མང་པོ་དག་གི་བསྐོར་བ་ཡོད། ལྷོར་དབའ་རྒྱལ་གཡུ་རྒྱལ་རྫ་རྒྱལ་སོགས་བཙན་རྒོད་དགེ་བསྙེན་ནོར་བདག་རྣམས་དང་ཉང་མཚོ་ཕྱུག་མོ་ཚེ་རིང་གཡུ་མཚོ་སོགས་ཀླུ་རིགས་སུ་གནས་པ་ཅན་གྱི་རི་ཆུ་མང་། ནུབ་ཏུ་གནས་རི་ཡེ་རྒྱལ་ནམ་མཁའ་མཛོད། རྨོག་དཀར་རྒྱལ་ཆེན་གྲུ་གུ་སོགས་ལྷ་རིགས་གཞི་བདག་རྣམས་ཡོད། བྱང་དུ་རྒྱབ་རི་གསལ་བ་འོད་ལྡན། བཙན་རྒོད་ཁམས་ཤྭ་རྨོག་ཤེ་དཀར་ནག་མདོ་ཁམས་སྐུ་རྒྱལ་སོགས་ལྷ་བཙན་གྱི་རིགས་དག་བཞུགས་ཡོད། རང་བྱུང་ནང་གི་གནས་ལ་གུ་རུ་པདྨའི་སྐུ་རྗེས་རང་བྱུང་། ཡེ་ཤེས་མཚོ་རྒྱལ་སྒྲུབ་ཕུག་ དགེ་བསྙེན་ཇ་ཁང་། མགོན་པོ་རང་བྱུང་། བྱ་སེང་རང་བྱུང་ མཁའ་འགྲོའ་ིཚོགས་དང་ཚོགས་ལིང་རྣམ་སྲས་སྐྱབ་བརྒྱད་མ་གཟའ་དམ་གསུམ། མཆི་མེད་ཚེ་ཆུ། མཁའ་འགྲོའི་གྲོ་རྭ། བླ་མ་རྡོ་རྗེས་ཞབས་རྗེས། ཨ་ཡ་ཧཱུཾ་སོགས་ས་བོན་རང་བྱུང་། ཚེ་རིང་མའི་མདའ་དར། གནམ་འཁོར་ལོ་རྩིབ་བརྒྱད་དང་ས་པདྨ་འདབ་བརྒྱད་རང་གྲུབ། སྐུ་གདུང་ཆ་བརྒྱད་གནས་བརྟེན་བཅུ་དྲུག་སོགས་དག་སྣང་རང་བྱུང་གི་གང་བའི་གནས་མཆོག་ཁྱད་འཕགས་དེར་དཔལ་མཉམ་མེད་མགོན་པོ་འབྲི་གུང་པ་ཞེས་བཀའ་བརྒྱུད་ཆེ་བཞི་མཆོག་བརྒྱད་ཀྱི་ཡ་གྱལ། རྟེན་འབྲེལ་མཐར་ཕྱིན་སྐྱོབ་པ་འཇིག་རྟེན་མགོན་པོའི་ཐུགས་སྲས་ཕྲིན་ལས་རང་མཉམ་གྱི་སློབ་ཆེན་མཉོས་མགར་ཆོས་གསུམ་ལས། མགར་དམ་པ་ཆོས་ལྡིང་པ་ནི།དུས་རབས་བཅུ་གཉིས་པའི་ལོ་རབ་དགུ་བཅུ་པའི་རབ་བྱུང་གསུམ་པའི་ལྕགས་ཕོ་བྱི་བའི་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་དེ། སྤྱི་ལོ་༡༡༨༠ཐམས་པའི་ལོ་སྐུ་འཁྲུངས་པ་དེ་ཉིད་ཀྱི་རུས་མགར་དང་གྲུབ་པས་མཁའ་ལ་ལྡིང་ནུས་པས་མགར་ཆོས་ལྡིང་པའམ་མཚན་གཞན་ཤཱཀྱ་དཔལ་དང་མགར་དམ་པ་སོགས་ཞུ་བའི་མིང་དེས་སྒྲ་ཟུར་དགོན་པར་ཆག་ནས་མགར་དགོན་ཞེས་གྲགས། ཐོག་མར་དབུས་འབྲི་གུང་ཀློང་ཤོད་དུ་མགར་ཆོས་ལྡིང་དགོན་དང་སྤུ་བོར་མགར་རིན་ཆེན་སྤུང་དགོན་སོགས་བཏབ་ཅིང་འདིར་ནང་ཆེན་རྒྱལ་པོ་གུ་ཤྲི་ཀརྨ་རབ་བརྟན་དང་མི་དབང་རིན་ཆེ་རྣམ་རྒྱལ་ཡབ་སྲས་ཀྱི་སྐུ་དུས་སུ་མགར་བསྟན་འཛིན་ཕུན་ཚོགས་ལ་ཨ་ཕྱིས་ལུང་བསྟན་པ་བྲག་སེང་གེ་གནམ་ལ་མཆོང་འདྲ་ཤྭ་ཡུ་མོས་ཤེས་ཕྲུག་སྐུང་འདྲ་ཞེས་པའི་གནས་དེར་དགོན་པ་འདེབས་དགོས་ཞེས་ས་དེ་ཕུལ་ནས་རྒྱལ་པོའི་དབུ་བླར་བསྐུར་ནས་ཆོས་སྲིད་གཉིས་ཀྱི་ཐོབ་དང་ཐམ་ཀ་ལུང་དང་ལས་རྟགས་ཕུལ་བ་བཞིན་ནང་ཆེན་རྒྱལ་རབས་རིམ་བྱོན་དང་མགར་ཆེན་སྐུ་རབས་རིམ་བྱོན་མཆོད་ཡོན་ཟུང་འབྲེལ་གྱིས་དབུ་བླའི་མཚན་ཐོབ་བཞེས་པའི་ལོ་རྒྱུས་ཡོད། འབྲི་གུང་གདན་རབས་ཁག་དང་སྐྱབས་མགོན་ཉི་ཟླ་ཟུང་གི་རིགས་བདག་དང་ཆོས་ཀྱི་ཁྲི་ཚབ་དུ་བཞུགས་པས་ཆོས་ཀྱི་ཁྲི་འཛིན་ལྷོ་མགར་ཁྲི་གསུམ་ཞེས་མགར་ཆེན་སྤྲུལ་རབས་རིམ་པས་རྒྱལ་བ་ཡབ་སྲས་གྱིས་ཚུལ་དུ་འགྲོ་དོན་ཕྲིན་ལས་མཛད་པས་འབྲི་བསྟན་དོན གྱིས་བདག་པོར་གྱུར། དགོན་པ་ཐོག་མར་མགར་ཡར་དགོན་འདི་བཏབ་ཅིང་དེར་བསྟན་པ་དར་རྒྱས་ཆེ་བས་མ་ཤོང་ནས་ཆོས་སྐྱོང་སྲུང་མས་རྟག་མཚན་ལྟར་མར་དགོན་དུ་ཁག་བགོས་ནས་ཡར་དགོན་དུ་ལྷ་རྟེན་ཙམ་ལས་གཞི་རྒྱ་ཆེ་བར་མར་དགོན་མཛད། མགར་ཞེས་པའི་ཐོག་མའི་ལོ་རྒྱུས་ནི་བོད་ཀྱི་རུས་ཆེན་ལྔ་ཡི་ཕྱི་མ་སྒོ་ལྷ་སྡེ་དཀར་པོའི་རིགས་རྒྱལ་མོ་ཚོ་བཅོ་བརྒྱད་དུ་གྲགས་པ་ལས་དང་པོ་མགར་ཀེ་འགོལ་གསུམ་གྱི་མགར་ལ་རྒྱུད་པ་བཞི་ཏེ་ཆོས་རྒྱུད། ཀལ་རྒྱུད། འཕྲུལ་རྒྱུད། དཔའ་རྒྱུད་དང་བཞི་ལས་དང་པོ་ལྷ་རྗེ་བྱམས་པའི་ཆོས་རྒྱུད་དེ་ལ་སྲས་རྒྱུད་དཔལ་གྱི་མིང་ཅན་བཞི། བླ་མའི་མིང་ཅན་བཞི། རྒྱལ་མཚན་ལྔ། དཔལ་ལྔ། འབུམ་བཞི་བཅས་ཡོད་པའི་ཐ་མ་བསོད་ནམས་འབུམ་ནི་རྗེ་དམ་པ་ཆོས་ལྡིང་པ་ཡིན་ཞིང་གྲུབ་པའི་གོ་འཕང་བརྙེས་པས་སྐུ་ལུས་མ་སྤང་མཁའ་སྤྱོད་དུ་གཤེགས་རྗེས་བྱང་སེམས་མཆོག་གིས་སྤྲུལ་པ་ལྔ་དང་། སྐྱེ་བ་དམན་པའི་སྤྲུལ་པ་བཞི་བླ་མ་གཙང་ཆུང་ཞབས་སོགས་མཚན་གྱི་རྣམ་པ་དུ་མར་སྟོན་པ་མ་ཟད་མགར་ཉང་ཆེན་བྱང་ཆུབ་ཆོས་གླིང་འདིར་སྐྱེས་རབས་རིམ་པར་བྱོན་པ་ནི། བསྟན་འཛིན་ཕུན་ཚོགས། བསྟན་འཛིན་གྲགས་པ། ཆོས་ཀྱི་ཉི་མ། བྱང་ཆུབ་དབང་པོ། བསྟན་པའི་རྒྱམ་མཚན། པདྨའི་རྒྱམ་མཚན། འཕྲི་ལས་ཡོངས་ཁྱབ། བསྟན་པའི་ཉི་མ་བཅས་ཁྱོན་བླ་རབས་བཅུ་དང་སྤྲུལ་རབས་བཅུ་དགུ་སྟེ་མི་ལོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས། དོན་ཐོག་ངག་ཐོག་ཡིག་ཐོག་གསུམ་ནས་བྱུང་རིམ་ལྡན་པའི་རྟེན་དགོན་གྲགས་ཅན་ཡིན། རྟེན་གཙོ་ཆོས་འཁོར་རྒྱ་ནག་མ་ནི། སྔོན་དུས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་མི་ཡུལ་འདིར་ཆོས་ཀྱི་ཕུང་པོ་ཇི་སྙེད་གསུངས་པ་ཐམས་ཅད་སྤྲུལ་པའི་བྱང་སེམས་ཆེན་པོ་ལི་ཙ་བི་དྲི་མ་མེད་པར་གྲགས་པས་འཁའ་འགྲོའ་ིབརྡའི་ཡི་གེར་ཕབ་ནས་ཆོས་འཁོར་ལྷ་ཆེན་ཚངས་པའི་མཐོ་གང་གྱི་ཚད་ཙམ་གསུམ་བཞེངས་པ་གཅིག་ལྷ་ཡུལ་དང་གཅིག་ཀླུ་ཡུལ་གཅིག་མི་ཡུལ་དུ་ཐུབ་པའི་གསུངས་གི་རྒྱལ་ཚབ་དུ་བཞག་པ་དེ་དག་སོ་སོས་གནས་སུ་གདན་དྲངས། འཛམ་གླིང་མི་ཡུལ་གྱི་རྟེན་བསྐལ་དེ་ཉིད་དབུས་འགྱུར་འཕགས་པའི་ཡུལ་དུ་བསྟན་པ་འཇིག་ལ་ཉེ་བའི་སྐབས་སུ་འཇམ་དཔལ་དབྱངས་ཀྱི་ཐུགས་རྗེའི་རྫུ་འཕྲུལ་ལ་བརྟེན་ནས་རྒྱ་ནག་རི་བོ་རྩེ་ལྔའི་སྤྲུལ་པའི་ལྷ་ཁང་ནང་ཆོས་འཁོར་རང་འགྲིལ་གྱི་ཚུལ་དུ་བབས་པ་ལ་བརྟེན་ནས་རྒྱལ་ཁབ་མངའ་ཐང་སྟོབས་འབྱོར་གྱིས་ཕྱུག་ཞིང་ཆོས་སྲིད་ཀྱི་བསྟན་པ་རྒྱས་པའི་འགྲོ་དོན་རྒྱ་ཆེར་མཛད། དེ་རྗེས་ཐང་རྒྱལ་ཐེ་ཙུང་ལེས་ཧྲི་མན་གྱི་སྐབས་བོད་རྒྱལ་སྲོང་བཙན་སྒམ་པོས་བཀའ་བློན་དམག་དོན་པ་ཆེན་པོ་འཕྲུལ་རྒྱུད་མགར་གྱི་བུ་སྟོང་བཙན་ཡུལ་ཟུང་རིག་པ་ཅན་ཐང་རྒྱལ་སྲས་མོ་ལྷ་གཅིག་ཀོང་ཇོ་བཙུན་མོར་བསུ་བའི་ཕོ་ཉར་བཏང་བས་དཔའ་མཛངས་བརྟུལ་ཕོད་བློ་སྒོ་ཐབས་ཤེས་ཀུན་ལ་འགྲན་ཟླ་དང་བྲལ་ནས་མཐའ་བཞི་རྒྱལ་ཁབ་ཐམས་ཅད་གྱིས་འགྲན་རྩོད་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་བོད་ཀྱིས་ཐོབ་ནས་ཀོང་ཇོ་བོད་ལ་བསུས་པ་དང་ཆབ་ཅིག་ཏུ་ཀོང་ཇོའི་རེ་བ་བཞིན་གོང་མ་ཡབ་ཡུམ་ནས་ལྷ་ཅིག་གི་རྟེན་སྐལ་དུ་ཡབ་ཀྱི་སྐུ་རྟེན་ཇོ་བོ་ཤཱཀྱ་མུ་ནེ་ཡུམ་གྱི་གསུང་རྟེན་ཆོས་འཁོར་རང་འགྲིལ་མ། སྲས་ཀྱིས་ཐུགས་རྟེན་མཆོད་རྟེན་བཀྲ་ཤིས་འོད་འབར་བཅས་རྟེན་གསུམ་རིག་དངོས་མང་པོ་རྫོང་བ་མཛད་པ་ཐམས་ཅད་བོད་ལ་གདན་འདྲེན་ཞུས་ནས་རྒྱལ་པོས་དགོངས་པ་ཇི་བཞིན་འགྲུབ་པའི་བྱ་དགའི་གཟེངས་རྟགས་སུ་ཆོས་འཁོར་ཡིད་བཞིན་ནོར་བུ་དེ་ཉིད་མགར་སྟོང་བཙན་སྐུ་སྒེར་གྱི་ཐུགས་དམ་གྱིས་རྟེན་དུ་གནང་བས་བློན་ཆེན་པོའི་བསམ་དོན་ཡིད་བཞིན་འགྲུབ་ཏེ་འཛམ་གླིང་སུམ་གཉིས་ཀྱི་ས་ལ་སྟོབས་ཀྱིས་མངའ་དབང་བསྒྱུར་བའི་འགྲོ་དོན་ཕྲིན་ལས་ཀྱི་རུ་འདྲེན་པ་བོད་ཆེན་པོས་རྒྱལ་ཁབ་ལ་བཀའ་དྲིན་དང་བྱས་རྗེས་ཆེ་བའི་མི་སྣ་གྲགས་ཅན་པ་བྱུང་། མཐར་སླར་ཡང་ཁོང་ནས་ཆོོས་འཁོར་ཆེན་པོ་འདིས་མ་འོངས་བོད་ཁམས་མཐུན་འབྲེལ་འཛམ་གླིང་ཞི་བདེ་རང་བསྟན་རང་སྲུང་གི་ཆེད་དུ་དགོངས་ནས་སྦས་གནས་བཙན་རྫོང་བཟང་པོ་མོན་གྱི་ཤའུ་སྟག་སྒོར་གཏེར་ཏུ་སྦས་ཤིང་རང་ཆོས་རང་བདག་གི་ཕྱི་རབས་བསྟན་འགྲོའི་དོན་ཆེན་འགྲུབ་པའི་སྨོན་ལམ་གཏད་རྒྱ་མཛད་ཏེ་རེ་ཞིག་མི་མངོན་པའི་ཚུལ་དུ་མཛད་པའི་དབང་གི་རྒྱ་བོད་ཡིག་ཚང་ཁག་ཞིག་གི་ལོ་རྒྱུས་སུ་མ་འཁོད། ཡང་ལས་སྨོན་དུས་སུ་སྨིན་པའི་དབང་གི་རུས་རྒྱུད་མགར་གྱིས་རིགས་ལས་འཁྲུངས་ཤིང་རྟོགས་པ་ནམ་མཁའ་དང་མཉམ་པའི་གྲུབ་ཆེན་མགར་དམ་པ་ཆོས་ལྡིང་པ་ལ། སྔོན་ལས་རྗེས་དྲན་དང་ཡི་དམ་ལྷ་ཡི་ལུང་བསྟན་བཞིན་ཆོ་འཕྲུལ་དང་རྫུ་འཕྲུལ་ངོ་མཚར་བའི་བལྟས་བཟང་དང་བཅས་ཆོས་འཁོར་སླར་ཡང་གཏེར་དུ་བཞེས་ནས་སྤུ་རྨུ་ཕུ་ལུང་དགོན་རིན་ཆེན་གླིང་སོགས་ཕྱོགས་བཞི་དགོན་གནས་བཞི་ཙམ་བཏབ། མཐའ་འཁོབ་ཀླ་ཀློའི་ཡུལ་ཁམས་སྤུ་བོའི་རྨུ་རྒོད་ཐམས་ཅད་བདེ་ལ་བཀོད་ཅིང་སྤུ་ཡུལ་ཆོས་ལ་བསྒྱུར། སྐབས་ཞིག་ཏུ་སྡིག་ཅན་དམ་གྲིབ་ཀྱི་རྐྱེན་ལས་རང་འཁོར་མི་བྱེད་པར་གྱུར་པས་གནས་དེར་འགྲོ་དོན་རྫོགས་པར་དགོངས་ནས་མགར་སྤྲུལ་བསྟན་འཛིན་ཕུན་ཚོགས་མཆོག་ནས་ལྷ་དང་སྲུང་མས་ལུང་བསྟན་བཞིན་མགར་ཡར་དགོན་སེང་གེ་གནམ་རྫོང་འདིར་གདན་དྲངས་ནས་བཞུགས་གནས་བརྟེན་ཆག་མཛད་པ་དེ་ནས་ད་བར་བླ་རབ་བརྒྱད་ཀྱི་རིང་ཡུལ་དུས་གྱི་འཕོ་འགྱུར་གང་གིས་ཉམས་གུད་ཏུ་མ་སོང་བར་ཉིན་མཚན་བར་མེད་ཆུ་བོ་རྒྱུན་ལྟར་བསྐོར་བ་དང་ལྷན་ཏུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ནས་ཐུགས་ཆེན་གསང་བ་འདུས་པའི་སྒྲུབ་ཆེན་སྐྱེ་བདུན་མ་ཎི་རིལ་བུའི་བུམ་སྒྲུབ་ལས་བྱང་རྒྱུན་གསུང་གི་རྟེན་ཆོས་ཟུང་འབྲེལ་ལམ་ནས་འགྲོ་དོན་ཕྲིན་ལས་མཛད་པས་མགར་མ་ཎི་ཁང་ཞེས་མིང་དུ་ཆག་པ་དང་ཆོས་འཁོར་རིན་པོ་ཆེ་ཐོག་མར་རྒྱ་ནག་ནས་གདན་དྲངས་ཡོང་བའི་ལོ་རྒྱུས་ངག་རྒྱུན་གསོན་པོ་མི་ལོ་གཅིག་སྟོང་སུམ་བརྒྱ་ལྷག་གི་དུས་ནས་ད་བར་མ་འགྱུར་བ་ཡུལ་མི་ཡིག་རྨོང་བ་རྣམས་གྱི་ཁ་ནས་རྟེན་ཇོ་འཁོར་རྒྱ་ནག་མ་ཞེས་འབོད་པ་འདི་ཉིད་ཅིག་པུས་ཆོག་པ་ཡིན། འོན་ཀྱང་ད་དུང་ཞིབ་འཇུག་གི་དཔྱད་གཞི་རྒྱུ་ཆ་གསར་རྙེད་བྱུང་ན་རིམ་པར་ངོ་སྤྲོད་ཞུ་བ་ཡིན། དགོན་འདིར་བསྟན་བདག་བླ་སྤྲུལ་མགར་ཆེན་རིན་པོ་ཆེ་དང་མགར་རྣམ་རོལ་མགར་མི་འགྱུར་ཞེས་བླ་མ་རྣམ་གསུམ་དང་མཁན་སློབ་དགེ་བའི་གཤེས་གཉེན་མང་པོ་སྔ་ཕྱི་བར་གསུམ་དུ་བྱོན་པ་རེ་རེ་བཞིན་བརྗོད་པར་མི་བྱ། བསྟན་གཞི་དགེ་འདུན་གྱི་སྡེ་ས་ཐོབ་ཀྱི་སེམས་དཔའ། སྡེ་སྣོད་འཛིན་པའི་མཁན་པོ། རིམ་གཉིས་ཀྱི་རྣལ་འབྱོར་བ་མང་པོ་བྱོན་པ་དག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་པའི་ལོ་རྒྱུས་ཡང་མང། དེང་སྐབས་ཡང་སྐྱབས་རྗེ་བླ་མ་རྣམས་གསུམ་དབུ་བཞུགས་ཐོག་གྲྭ་ཚང་འདུས་སྡེ་ཡོངས་ནས་བཤད་སྒྲུབ་ལས་གསུམ་གྱིས་མགར་དགོན་བསྟན་སྲིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་བྱ་ལ་འབད་བརྩོན་གནང་ཏེ་ཕྱི་ནང་བར་གསུམ་གྱིས་མཛད་པ་རྒྱ་ཆེ་ཞིང་འགྲོ་དོན་རྒྱུན་རིང་བའི་དོན་ལ་ཐུགས་མདུན་ཟབ་མོ་གནང་དང་གནང་བཞིན་པ་ལགས།
བརྟེན་གནས་རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ་རི་དྭགས། ཤྭ་བ། གླ་བ། རྣ་བ། རྒོ་བ།ཕྱི་བ། རྒྱ་གོ་རྭ། རི་བོང་། ཨ་གྲ། བྱི་བ། སྤྲེའུ་རྣམས་ཡོད། གཡུང་དྭགས་ལ་རྟ། ནོར། ར། ལུགས། མཛོ། བ་གླང། དྲེལ་སོགས་ཡོད། གཅན་གཟན་རིགས་གཟིག། དྲེད་མོང། འཕར་བ། སྤྱང་ཀི། གཡི། གསའ། ཝ། རྦེ། གྲུམ་པ། འོ་དཀར། ཏི་ལོ་ག་མ། སྲེ་མོང་། ས་ག་ཐི་ལེ་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ་རྒོད་ཐངསྨུག། ཐང་དཀར། གོ་བ་དཀར་ནག། གླག། ཁྲ། འོལ་བ། ཨ་རྒུག། གོང་མོ། བྱ་ཝང། བྱེ་རེ། ཁུ་ལིང་། འཇོལ་སྔོན། འཇོལ་ཁྲ། ངང་པ། ཁུ་བྱུག། པུ་ཤུད། ཁུག་རྟ། ཅོང་ཁྲ། ཅོང་ནག། སྐྱ་ཀ། ཁྭ་ཏ། བྱ་རོག། འུག་པ། ཐེན་བྱིས། བྱ་མ་བྱིས་མཆིས་བ། གངས་བྱིས། ཐིག་ལེ་སྐེ་དམར། ཤིང་བྱིས་ཀླད་དམར། གླང་བྱིས།ནག་བྱིས། ནས་བྱིས། ཆུ་བྱིས་འོ་དཀར། པ་ཏ་ཀ་ཡུ། ཕུག་རོན། སྲེག་པ་སོགས་སྲོག་ཆགས་མང་པོ་འཚོ་སྡོད་བྱས་ཡོད། སྐྱེ་དངོས་རྩི་ཤིང་རིགས་ཤུག་པ། ཤུག་ཚེར། གསོམ་པ། སྟག་མ། གླང་མ། སྨར་མོ། ཚར་བུ། སུར་དཀར། སུར་ནག། སྤེན་ནེ། ཉ་བྲིད། འོམ་བུ། སྨ་ག། སེ་བོ། འོ་སེ་སོགས་ཤིང་སྣ་མང་། མེ་ཏོག་རིགས་སེར་ཆེན། ཨུད་དཔལ། གུར་གུམ། ར་མེ། ལུགས་མེ། ཤང་དྲིལ་སེར་དམར། ལུག་རུ་སེར་དམར། ལྕེ་ཚ་སེར་པོ། དབྱི་མོང། བོང་དཀར། ཨུག་ཆོས། ཁུ་བྱུག་རྐང་ལྷམ། རེ་ལྕག །ཐར་ནུ། སྐྱག་ཅིག་རྡོ་རྗེ། སུམ་ཅུ་ཏིག་ཏ། གུར་ཏིག་སོགས་རྩི་བཅུད་མེ་ཏོག་གི་རིགས་བརྒྱ་ཕྲག་ཡོད་པ་རེ་རེ་ནས་བརྗོད་ཀྱི་མི་ལོང། མདོར་ན་དགོན་པ་འདིས་ཕྱི་སྣོད་ཀྱི་བཀོད་པ། ནང་རྟེན་ཀྱི་ཡོན་ཏན། བར་འཁོར་ཡུག་གི་རྣམ་པ་ཕྱོགས་གང་ཐད་ནས་བསམ་ན་ཁམསས་སྟོད་ནང་ཆེན་གྱིས་དཔལ་ཡོན་གཟི་བརྗིད་ཙམ་དུ་མ་ཟད་བོད་ཡོངས་དང་རྒྱལ་སྤྱིའི་སྤྱི་ནོར་དུ་ཆེ་བའི་རིན་བྲལ་གྱི་ནོར་བུ་རུ་གྱུར་པ་འདི་ཉིད་ང་ཚོ་ཚང་མས་བདག་སྐྱོང་དང་བཅེས་སྤྲས་སྲུང་སྐྱོབ་དང་གཙང་སྦྲ་ལེགས་པོ་བྱེད་པ་ལ་རྒྱབ་བསྐྱོར་རོགས་རམ་རྒྱ་ཆེར་མཛད་ནས་མ་འོངས་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་སེམས་ལྡན་མཐའ་དག་ལ་སླད་མེད་དྭངས་གཙང་གི་རང་བྱུང་ཁོར་ཡུག་བཟང་པོའི་རྩི་བཅུད་འབྱུང་བའི་གྲོད་སྐྱིད་ཉམས་སུ་མྱོང་ནས་ཕན་བདེའི་འོད་སྣང་དཀར་པོའི་ལུས་སེམས་ཀྱི་ངལ་བ་གསོ་བའི་སྤྱི་སྤྱོད་ཀྱི་སྟེགས་བུས། འགྲོ་བ་སེམས་ཅན་ཡོངས་ལ་འཆམ་མཐུན་ཞི་བདེའི་དཔལ་ཡོན་གྱིས་ལུས་སེམས་ལ་བདེ་སྐྱིད་སྟེར་བའི་གནས་མཆོག་བཟང་པོ་མགར་དགོན་ངོ་སྤྲོད་དེ་ཙམ་གྱིས་མཐུས་པར་བྱས་སོ་ཅེས་མགར་དཀོན་མཆོག་མཐོང་ལམ་ནས་བོད་མེ་བྱ་ལོའི་ཟླ་༦ པའི་ཚེས་ ༡ སྤྱི་ལོ་༢༠༡༧ ལོ་ ཟླ་ ༧ ཚེས་ ༢༡ ལ་བྲིས་པ་དགེའོ།