མགར་ཆེན་རིན་པོ་ཆེ་དང་བླ་མ་རྣམས།

མགར་ཆེན་རིན་པོ་ཆེ་དང་བླ་མ་རྣམས།2020-07-12T15:38:15+00:00

མགར་ཆེན་རིན་པོ་ཆེ།

༄༅། །སྐྱབས་རྗེ་མགར་ཆེན་རིན་པོ་ཆེའི་སྐུ་རབ་རིམ་བྱོན་གྱི་བྱུང་བ་མདོར་ཙམ་བརྗོད་པ།
སྔོན་པ་བསྐལ་པ་བྱེ་བ་མང་པོའི་སྔ་རོལ་དུ་འཇིག་རྟེན་གྱི་ཁམས་འདིར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་སྟོབས་དང་ལྡན་པ་ཞིག་བྱུང་བ་དེའི་རང་གི་ཁྱབ་ཁོང་སྐྱེ་དགུ་རྣམས་དགེ་བ་བཅུའི་ལམ་ལ་འགོད་པར་མཛད། དེ་ལ་སྲས་བྱད་བཞིན་བཟང་བ་སྟོང་བྱུང་། མཐར་རྒྱལ་པོ་ཉིད་རབ་དུ་བྱུང་ནས་སངས་རྒྱས་པ་ལ་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མེ་ཞེས་བྱ་བར་གྱུར། སངས་རྒྱས་དེའི་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་གཟུགས་ཅན་གཟུགས་མེད་ཀྱི་སེམས་ཅན་གྲངས་མེད་པ་སྨིན་ཅིང་གྲོལ་བར་མཛད། དེའི་ཚེ་རྒྱལ་སྲས་ཐ་ཆུང་འདོད་པ་སྐྱེས་མ་གཏོགས་སྲས་གཞན་རྣམས་ཚང་མ་རབ་ཏུ་བྱུང་སྟེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་མ་འོངས་བའི་དུས་སུ་འདི་དང་འདི་ལྟ་བུར་སངས་རྒྱས་པར་འགྱུར་རོ་ཞེས་རིགས་དང་མཚན་དང་གདུལ་བྱ་ཞིང་ཁམས་དང་བཅས་པ་སོ་སོར་ལུང་བསྟན་ཐོབ། དེ་ནས་དེ་བཞིན་གཤེགས་པ་དེའི་སྲས་ཐ་ཆུང་བང་ཆུབ་ལམ་ལ་བསྐུལ་བར་དགོང་ཏེ་སྤྲུལ་པའི་དགེ་སློང་གཉིས་བཏང་བས་དགེ་སློང་དེ་གཉིས་རྒྱལ་བུ་འདོད་ཡོན་ལ་གཡེང་བཞིན་པའི་སར་ཕེབས་ནས་འཁོར་བར་ངེས་འབྱུང་སྐྱེ་བའི་ཆོས་ཀྱི་ཚིག་བཅད་དབྱངས་སྙན་པོས་གསུང་པས་སངས་རྒྱས་ཀྱི་ཐུགས་རྗེའི་མཐུས་ཕོ་བྲང་ནང་གི་ཡོ་བྱད་ཐམས་ཅད་དང་ཕྱི་རོལ་ཀྱི་ལྗོན་ཤིང་སོགས་ལས་ཀྱང་སྒྲ་དེ་རང་གྲགས་པར་གྱུར་ཏོ། །དེ་ནས་རྒྱལ་བུ་ཐ་ཆུང་ཡང་བློ་འགྱུར་ནས་འཁོར་བར་ངེས་འབྱུང་སྐྱེས་ཏེ་ཡབ་སངས་རྒྱས་ཉིད་དང་ཕུ་བོ་གཞན་རྣམས་ལ་གསེར་གདུགས་རིན་ཆེན་རྒྱན་ཅན་རེ་མཆོད་པར་ཕུལ་ནས་རབ་ཏུ་བྱུང་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་ནས་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མེས་མ་འོངས་པར་སྲས་སྟོང་རྣམས་བསྐལ་བཟང་སངས་རྒྱས་སྟོང་རུ་སངས་རྒྱས་པའི་དུས་སྲས་ཐ་ཆུང་ཉིད་སངས་རྒྱས་སྟོང་གི་ཐ་མ་སངས་རྒྱས་མོས་པ་མཐའ་ཡས་ཞེས་པར་སངས་རྒྱས་ཏེ་མཛད་པ་འཕྲིན་ལས་སངས་རྒྱས་གོང་མ་རྣམས་ལས་ཁྱད་འཕགས་ཡོང་བར་ལུང་བསྟན་ནོ། །སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་ཞལ་ནས། དེའི་དུས་ཀྱི་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མེ་ནི་ད་ལྟ་ང་ཡིན་ལ་དེའི་དུས་ཀྱི་སྲས་ཐ་ཆུང་རྒྱལ་བུ་འདོད་པ་སྐྱེས་ནི་མགར་ཆོས་ལྡིང་པ་ཁྱོད་ཡིན་ནོ། །ཞེས་གསུང་འདུག་པས་སྔོན་གྱི་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མེ་ཡས་སྲས་གཉིས་ལས་སྨོན་ལམ་རྟེན་འབྲེལ་དབང་གིས་རྒྱ་གར་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་དང་དེའི་སློབ་མ་ཨརྱ་དེ་ཝ་ཡབ་སྲས་དང་། བོད་དུ་སླར་ཡང་འཇིག་རྟེན་གསུམ་མགོན་དང་དེའི་སློབ་མ་མགར་ཆོས་ལྡིང་པ་རུ་ལྷན་གཅིག་ཏུ་འཛོམ་པ་ཡིན་འདུག་གོ །གཞན་ཡང་ཆོས་རྒྱལ་སྲོང་བཙན་བསྒམ་པོའི་སྐབས་སུ་བློན་པོ་མགར་སྟོང་བཙན་དང་། ཨོ་རྒྱན་སངས་རྒྱས་གཉིས་པའི་སློབ་མ་ཅོག་རོ་ཀླུའི་རྒྱལ་མཚན་དང་། མི་ལ་རས་པའི་ཐུགས་སྲས་རང་ཆུང་རྡོ་རྗེ་གྲགས་པ་སོགས་དང་། ཨུ་རྒྱན་ཡུལ་དང་སེངྒ་གླིང་། ཤམ་བྷ་ལ་ལ་སོགས་པའི་ས་སྤྱོད་ཀྱི་ཞིངས་ཁམས་རྣམས་སུའང་སྤྲུལ་པ་མང་པོས་འགྲོ་བའི་དོན་མཛད། མགར་ཆོས་ལྡིང་པ་ཉིད་མགར་སྟོང་བཙན་གྱི་སྐྱེ་བ་བཞེས་པའི་སྐབས་རྒྱ་ནག་རྒྱལ་པོའི་ཐང་ཐའེ་ཛུང་གི་སྲས་མོ་བོད་རྒྱལ་སྲོང་བཙན་བསྒམ་པོའི་བཙུན་མོར་བསུས་པའི་དུས་ཆོས་འཁོར་ངོ་མཚན་ཅན་ཞིག་གདན་དྲངས་ཡོད་པ་དེ་མགར་བློན་ཉིད་ཀྱིས་ཚག་བྱས་ཏེ་ཕྱིས་སུ་མོན་ཤ་འུག་སྟག་སྒོར་གཏེར་དུ་སྦས། མ་འོངས་སྐྱེ་བ་རྗེས་མར་རང་ཆོས་རང་བདག་ཡོང་བའི་སྨོན་ལམ་གྱི་རྒྱས་བཏབ་ནས་ཡོད་པ་དེ་ཉིད་ཕྱིས་སུ་མགར་ཆོས་ལྡིང་པས་གཏེར་ནས་བླངས་ཏེ་སྤུ་མུ་ཕུ་ལུང་རྡོ་རྗེའི་བྲག་གཏམ་དུ་ལྷ་ཁང་བཞེངས་ནས་གཞུགས་སུ་གསོལ་བས་ཕུ་ལུང་དགོན་ཞེས་པ་དེ་བྱུང་། གནས་དེར་སྐུ་འཕྲེང་བརྒྱད་ཙམ་རིང་འགྲོ་དོན་སྐྱངས། ཕུ་ལུང་དགོན་གྱི་སྐུ་ཕྲེང་བརྒྱད་པའམ་མགར་དགོན་གྱི་སྐུ་ཕྲེང་དང་པོ་མགར་བསྟན་འཛིན་ཕུན་ཚོགས་ནི་ནང་ཆེན་རྒྱལ་པོ་ཀརྨ་རབ་བསྟན་གྱི་སྲས་སུ་འཁྲུང་། འབྲི་གུང་གདན་རབ་ཉི་ཤུ་པ་མཚུངས་མེད་ཆོས་རྒྱལ་ཕུན་ཚོགས་བླ་མར་རྟེན། དམ་པ་དེ་ལ་ཨ་ཕྱིས་ལུང་བསྟན་ནས་ཆོས་འཁོར་བྱང་ཕྱོགས་སུ་བྲག་དཀར་པོ་གདོང་ལྔ་འཕྱོ་འདྲའི་ངོག་སུ་གནས་སྤོས་ན་བླ་རྟེན་གཉིས་ཀར་འགྲོ་དོན་རྒྱ་ཆེན་འབྱུང་གསུང་པ་ལྟར་སྤུ་མུ་ནས་རིམ་པས་ནང་ཆེན་དུ་ཕེབས་པས་ཉང་ཆེན་སེངྒེ་གནམ་རྫོང་ཞེས་པ་འདི་ལུང་དོན་དང་མཐུན་ཞིང་དགེ་མཚན་འཛོམ་པའི་གནས་སུ་གཟིགས་ནས་དེར་གནས་ཆགས་པས་མགར་དགོན་སེངྒེ་གནམ་རྫོངས་ཞེས་པ་འདི་བྱུང་། གུ་རུ་རིན་པོ་ཆེའི་གསུང་གཏེར་ཆེན་རཏྣ་གླིང་པའི་གསང་འདུས་གཏེར་ལུང་ལས་བསྟན་འཛིན་ཕུན་ཚོགས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཚུལ་དང་གཏེར་ཆེན་ཉིད་ཀྱི་གཏེར་རྫས་རྣམས་དང་གསང་འདུས་ཆོས་བསྐོར་ཁོང་གི་ཕྱགས་དུ་འཕྲོད་ན་ཕྱི་རབ་འཛམ་བུ་གླིང་གི་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེར་འབྱུང་ཚུལ་སོགས་གསལ་པོར་གསུང་ཡོད་འདུག་པར་རྟེན་རཏྣ་གླིང་པའི་སྲས་ཚེ་དབང་གྲགས་པས་གཏེར་རྫས་རྣམས་སྣམས་ནས་དབུས་ནས་རིམ་པས་ཁམས་ཕྱོགས་སུ་བསྟན་འཛིན་ཕུན་ཚོགས་འཚོལ་དུ་ཕེབས་པ་དང་མཇལ་བས་གཏེར་རྫས་རྣམས་ཕྱག་དུ་ཕུལ། བསྟན་འཛིན་ཕུན་ཚོགས་ཐུགས་དགྱེས་ཚོར་ཆེན་པོའི་ཨུ་རྒྱན་རིན་པོ་ཆེའི་ལུང་དེ་མི་རྒན་ངའི་མིང་དོན་དང་མཚུངས་པ་འདྲ་བོ་བྱུང་གསུང་ཤིང་གཏེར་རྫས་ལས་ཆུང་ཟད་ཞལ་དུ་བཞེས་པས་ཞབས་ས་ལ་མ་རེག་པ་བྱུང་། དེ་ནས་བཟུང་མགར་དགོན་སེངྒེ་གནམ་རྫོང་དུ་གསང་འདུས་སྒྲུབ་ཆེན་རྒྱུན་འཛུགས་དང་ཆོས་འཁོར་རིན་པོ་ཆེ་བར་མེད་རྒྱུན་བསྐོར་གྱི་དབུ་གཙུག་པས་འགྲོ་དོན་རྒྱ་ཆེར་འབྱུང་བའི་རྟག་མཚན་མང་པོ་མངོན། གནས་དེར་འདུས་ཚོགས་རྒྱ་ཆེར་རྒྱས། མགར་བསྟན་འཛིན་ཕུན་ཚོགས་ནང་ཆེན་རྒྱལ་པོས་དབུ་བླ་རུ་བསྐུར་བས་དེ་ནས་བཟུང་མགར་ཆེན་སྐུ་ཕྲེང་རིམ་བྱོན་ནང་ཆེན་རྒྱལ་པོའི་དབུ་བླ་རུ་གྱུར་པ་སོགས་མང་ཡང་དེ་ཙམ་མོ།

༈ སྐུ་ཕྲེང་གཉིས་པ་མགར་བསྟན་འཛིན་གྲགས་པ་ནི་ཀུན་མཁྱེན་ཆོས་ཀྱི་གྲགས་པས་གོང་མའི་ཡང་སྲིད་དུ་ལུང་བཟུང་། འབྲི་གུང་གདན་རབས་ཉེར་བཞི་པ་རྗེ་འཕྲིན་ལས་བཟང་པོའི་ཞབས་ལ་གཏུགས་ནས་འབྲིང་གུང་པའི་ཟབ་ཆོས་མཐའ་དག་གསན་བསམ་ཉམས་བཞེས་མཛད། ཡར་དགོན་དུ་འདུས་པ་རྒྱས་དྲག་པས་ཆོས་སྐྱོང་གི་ལུང་དོན་ལྟར་མར་དགོན་བྱང་ཆུབ་ཆོས་གླིང་དགོན་པ་ཆགས་བཏབ་པས་དར་ཞིང་རྒྱས་པར་གྱུར་རོ།།

༈ སྐུ་ཕྲེང་གསུམ་པ་མགར་ཆོས་ཀྱི་ཉི་མ་ནི་འབྲི་གུང་གདན་རབས་ཉེར་ལྔ་པ་༧སྐྱབས་མགོན་ཆུང་ཚང་སྐུང་ཕྲེང་གཉིས་པ་དོན་གྲུབ་ཆོས་རྒྱལ་གྱི་ཞལ་སློབ་ཐུ་བོར་གྱུར། འཁོར་ལོ་སྡོམཔའི་སྒོ་ནས་སྒྲུབ་པའི་གོ་འཕང་མཐོན་པོར་གཤེགས། མཁའ་ལ་འཕུར་
བ་དང་ཆོས་ཉི་ཟེར་ལ་འགེར་བ་དང་བྲག་ལ་ཞབས་ཕྱགས་གི་རྗེས་འཇོག་པ་སོགས་གྲུབ་པའི་རྟགས་མཚན་མང་པོ་མངའ། མཚམ་སྒྲུབ་ཁོ་ནས་དུ་འདའ་བའི་སློབ་ཚོགས་མང་དུ་འདུས། འབྲི་གུང་གདན་རབས་ཉེར་བདུན་པ་༧སྐྱབས་མགོན་ཆོས་ཀྱི་ཉི་མས་
དོན་བརྒྱུད་ཀྱི་གདམས་པ་བཞེས་པའི་དབུའི་རིགས་བདག་ཏུ་གྱུར་པ་སོགས་འབྲི་བསྟན་ལ་མཛད་རྗེས་ཆེ། ཐུགས་སྲས་གཙོ་བོ་༧སྐྱབས་མགོན་ཆོས་ཀྱི་ཉི་མ་དང་། བླ་ཟུར་རྣམས་གཉིས་ཞེས་མི་འགྱུར་དང་རྣལ་རོལ་གཙོས་པའི་སློབ་ཚོགས་མང་ངོ་།།

༈ སྐུ་ཕྲེང་བཞི་པ་མགར་ཏིང་འཛིན་བྱང་ཆུབ་དབང་པོ་ནི་འབྲི་གུང་གདན་རབས་ཉེར་དགུ་པ་༧སྐྱབས་མགོན་ཆུང་ཚང་སྐུ་ཕྲེང་བཞི་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དང་ལྷོ་ཆོས་ཀྱི་རྒྱལ་མཚན་རྣམས་གཉིས་མདུན་ནས་འབྲི་བརྒྱུད་ལྔ་ཆོས་དང་ཡང་ཟབ་གཤིན་རྗེ་སོགས་ཟབ་ཆོས་མང་པོ་གསན་བསམ་ཉམས་བཞེས་གནད་སྨིན་གནང་།འབྲི་གུང་གདན་རབས་སུམ་བཅུ་པ་༧སྐྱབས་མགོན་ཆུང་ཚང་སྐུ་ཕྲེང་ལྔ་པ་ཆོས་ཉིད་ནོར་བུ་ལ་འབྲི་གུང་པའི་ཟབ་ཆོས་མང་པོ་འབུལ་བར་མཛད་པ་སོགས་མཛས་རྗེས་ཆེའོ།།

༈ སྐུ་ཕྲེང་ལྔ་པ་མགར་ཆེན་བསྟན་པའི་མཛེས་རྒྱན་ནམ་བསྟན་པའི་རྒྱལ་མཚན་ནི་དིལ་ཡག་ཟླ་སྤྲུལ་མདུན་ནས་རབ་དུ་བྱུང་ཞིང་འབྲི་གུང་གདན་རབས་སོ་གཅིག་པ་༧སྐྱབས་མགོན་ཐུགས་རྗེའི་ཉི་མའི་མདུན་ནས་ཡང་ཟབ་གཙོས་པའི་འབྲི་བརྒྱུད་དབང་ཆོས་མང་པོ་གསན་བསམ་ཉམས་བཞེས་མཛད་པས་སྡོམ་པ་གསུམ་ལྡན་གྱི་འདུལ་ཆེན་ཆེན་པོར་བཞུགས། གཏེར་ཆེན་ལྷོ་འབྲོང་སྤྲུལ་ནུས་ལྡན་རྡོ་རྗེར་བྱང་ཆུབ་སེམས་སྡོམ་དང་འབྲི་ལུགས་དབང་ཆོས་ཕལ་ཆེར་གནང་བའི་རིགས་བདག་དུ་གྱུར།

༈ སྐུ་ཕྲེང་དྲུག་པ་མགར་ཆེན་པདྨའི་རྒྱལ་མཚན་ནི་འབྲི་གུང་གདན་རབས་སོ་གཅིག་པ་༧སྐྱབས་མགོན་ཐུགས་རྗེ་ཉི་མས་མགར་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་རྗེས་རིང་པོར་མ་ཐོག་པར་སྐུ་གཤེགས།

༈ སྐུ་ཕྲེང་བདུན་པ་མགར་ཆེན་ཕྲིན་ལས་ཡོངས་ཁྱབ་ནི་འབྲི་གུང་གདན་རབས་སོ་གཉིས་པ་༧སྐྱབས་མགོན་ཆོས་ཀྱི་བློ་གྲོས་ཀྱིས་ངོས་འཛིན་མཛད། ལྷོ་འབྲོང་སྤྲུལ་ ཨུ་རྒྱན་ནུས་ལྡན་རྡོ་རྗེའི་མདུན་ནས་འབྲི་གུང་པའི་དབང་ཆོས་ཕལ་ཆེར་དང་གཏེར་ཆེན་ཉིད་ཀྱི་གཏེར་ཆོས་ཁག་གཅིག་གི་དབང་ལུང་བཅས་གསན་པ་དང་། མགར་ཨ་སྦྱིན་མདུན་ནས་ལྔ་ལྡན་དང་ན་རོ་ཆོས་དྲུག་གསན་ཞིང་ཉམས་བཞེས་གནད་སྨིན་གནང་བས་གྲུབ་པའི་གོ་འཕང་ཐོབ། སྐལ་བཟང་ཆོས་སྒྲོན་ཞེས་པ་རིག་མར་བཞེས། སློབ་མའི་
གཙོ་བོ་གྲུབ་ཐོག་འཆི་མེད་རྡོ་རྗེ་དང་། གཞན་ཡང་དཔལ་མེའི་མཁྱེན་སྤྲུལ་ཀུན་བཟང་འགྲོ་འདུལ། ར་ཁྲོ་གཏེར་སྟོན་བཀྲ་ཤིས་རྣམ་རྒྱལ། གྲུབ་དབང་དགེ་འབྱུང་སོགས་གྲུབ་རྙེས་ཀྱི་སློབ་མ་གནས་ངེས་མེད་དུ་མང་། ཡུམ་གཞན་ཞིག་བཞེས་པའི་རྐྱེན་གྱིས་
དགོན་དུ་བཞུགས་མ་བདེ་ནས་གཞན་གཞན་དུ་ཕེབས་དགོས་བྱུང་ཡང་ལོ་གཉིས་ཀྱི་རྗེས་སླར་དགོན་དུ་གདན་དྲངས།

༈ སྐུ་ཕྲེང་བརྒྱད་པ་མགར་ཆེན་དཀོན་མཆོག་ངེས་དོན་བསྟན་པའི་ཉི་མ་ནི་༡༩༣༧ལོ་འཁྲུང་། དགོང་ལོ་དྲུག་གི་ཐོག་ནང་ཆེན་རྒྱལ་པོའི་ཐུགས་ཁུར་འོག་༧སྐྱབས་མགོན་ཞི་བའི་བློ་གྲོས་ཀྱིས་མགར་ཕྲིན་ལས་ཡོང་ཁྱབ་ཡང་སྲིད་དུ་ངོས་འཛིན་གནང་། དགོང་ལོ་
བཅུ་ཐོག་ལྷོ་ལུང་དཀར་དགོན་དུ་ལོ་གཅིག་བཞུགས་ནས་ལྷོ་འབྲོང་སྤྲུལ་བསྟན་བསྟན་འཛིན་འགྲོ་འདུལ་མདུན་ནས་ཉིད་ཀྱི་ཆོས་བཀའ་ཡོང་རྫོགསདབང་ལུང་དང། མཆོག་སྤྲུལ་ཐུབ་བསྟན་སྙིང་པོའི་མདུན་ནས་དགོང་འདུས་དབང་ཆེན་དང་དབང་ལྔ་བཅུ་པ་བཅས་ཞུས། གཞན་ཡང་བླ་རྒན་བསྟན་རྒྱས་མདུན་ནས་རདྣའི་ཆོས་བསྐོར་ཕལ་ཆེར་དང་འབྲི་ལུགས་ཆོ་ག་ཆོས་སྤྱོད་ཡོང་གྱི་དབང་ལུང། ཡང་ཟབ། གཤིན་རྗེ་སོགས་དབང་ལུང་མང་དག་ཞུས། གྲུབ་ཐོབ་འཆི་མེད་རྡོ་རྗེའི་མདུན་ནས་བཀའ་བརྒྱད་དབང་ཆེན་ཞུས། གྲུབ་དབང་དགེ་འབྱུང་མདུན་ནས་ལྔ་ལྡན་ཆོས་དྲུག་བཅས་གསན་ནས་ལོ་གསུམ་ཕྱོགས་གསུམ་གྱི་འཚམས་སྒྲུབ་ལ་བཞུགས་ཀྱང་དུས་འཁྲུགས་དབང་གིས་འཕྲོ་ཅན་དུ་ལུས། དབང་མེད་གཡུལ་འཁྲུག་དུ་ཞུགས་དགོས་བྱུང་བས་མཐར་གཙོན་དུ་ཚུད་ནས་ལོ་ཉི་ཤུ་རིང་གཙོན་ཁང་དང་ངལ་སྩོལ་བསྐྱུར་བཀོད་ར་བར་དཀའ་སྡུག་མྱང་ཡང་ཐུགས་སེམས་བཟང་པོ་གཞན་ཕན་གྱི་བློ་ལ་འགྱུར་བ་མེད་པས་གཙོན་གྲོགས་ཚང་མ་དགའ་མོས་བྱེད་ཡུལ་དང་ཡིད་ཆེས་ཕེལ་བའི་ཚད་དུ་རྩི། གཙོན་ཁང་དུ་མཁན་པོ་མུན་སེལ་མདུན་ནས་གསང་སྟབས་ཀྱིས་བརྫོགས་ཆེན་ཞུང་ཤིང་བརྩོན་པ་དྲག་པོས་ཉམས་ལེན་གནང་བས་དོན་བརྒྱུད་འཕོས་པའི་ཐུགས་སྲས་སུ་གྱུར། ༡༩༨༠ལོ་གློད་ཀྲོལ་གཏང་བས་ཐོག་མར་མ་ཡུམ་ཐུག་འཕྲད་དུ་པདྨ་བཀོད་ལ་ཕེབས་ལམ་བར་དུ་དབུལ་ཁུལ་གྱི་རྟེན་གལ་ཆེན་མང་པོ་གཏོར་བཤིགས་བཏང་བའི་ནང་བཞུགས་རྣམས་འཚོལ་བསྡུད་གནང་། དགོན་དུ་ཕེབས་ནས་མི་འགྱུར་རིན་པོ་ཆེ་དང་ལྷན་དུ་མགར་དགོན་རྨང་ནས་གསོ་བའི་དབུ་བརྩམ། ཉིན་མཚན་མེད་པར་ངལ་བ་དང་ལེན་གྱིས་ཕྱོགས་མཐའ་ཁག་གི་དད་ལྡན་པ་རྣམས་རེ་འདོད་བསྐང་བས་རང་དོན་ཡར་བར་དོར་ནས་གཞན་དོན་ཁོ་ན་ལྷུར་ལེན་པའི་སེམས་དཔའ་ཆེན་པོ་ཞེས་རླུང་ལྟར་གྲགས།མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཀྱང་། མི་དམངས་ལ་ཕན་འདོག་རྒྱུ་ནམ་ཡངས་སེམས་སུ་འཆང་མཁན། ཞེས་པའི་བྱ་དགའ་སྩལ། རང་དགོན་ཁོ་ན་ཙམ་མ་ཡིན་པར་བསྟན་འགྲོ་སྤྱི་དང་བྱེ་བྲག་ཁམས་ཁུལ་འབྲི་དགོན་རྣམས་ལྷར་གསོའི་ཐུགས་ཁུར་བཞེས་སྟེ་དངོས་ཤུགས་བརྒྱུད་གསུམ་གྱིས་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་རོགས་སྐྱོར་རྒྱ་ཆེ་གནང་། མི་འགྱུར་རིན་པོ་ཆེའི་དྲིན་ལས་དགོན་པ་ཁག་དུ་དགེ་ཚུལ་སློང་གི་སྡེ་ཡང་རབ་དུ་འཕེལ། འབྲི་མཐིལ་དུ་གྲུབ་དབང་དཔའ་ཆུང་རིན་པོ་ཆེ་མཇལ་བར་ཕེབས་སྐབས་གྲུབ་དབང་ཉིད་ཐུགས་དགྱེས་པ་ཆེན་པོའི་ཕྱག་གཉིས་མགར་གྱི་དབུ་ལ་བཞག་ནས་དོན་བརྒྱུད་གཏད་པ་ཡིན་པས་འབྲི་བསྟན་ལ་བྱ་བ་བྱོས་ཞེས་པའི་གསུང་གི་དབུགས་དབྱུང་སྩལ། མགར་དགོན་རྨིང་ཙམ་ལས་མེད་པ་ལ་སྔར་ལས་ལྷག་པའི་གསར་བཞེངས་འགྲུབ། དུས་མཆོད་རྣམས་ཡང་ཉམས་པ་སོལ་ཆུད་དང་མ་ཉམས་གོང་འཕེལ་བྱུང་། ༡༩༩༧ལོ་ཕྱི་རྒྱལ་ཁབ་དུ་ཕེབས་ནས་དད་ལྡན་སློབ་མ་རྣམས་ལ་གང་ལ་གང་འདུལ་གྱི་ཆོས་འཁོར་བསྐོར་བཞིན་ད་བར་རྒྱལ་ཁབ་སུམ་བཅུ་སོ་གསུམ་ལ་ཕེབས་པས་རྗེ་ཉིད་ཀྱི་ཕྲིན་ལས་ཆ་ཤས་ཕྱི་རྒྱལ་ཁག་ལ་ཆོས་ཚོགས་བཅུ་གསུམ་ཙམ་གསར་འཛུག་མཛད་པ་དང་། ཁམས་ཁུལ་འབྲི་དགོན་ཁག་ལ་རོག་སྐྱོར་རྒྱ་ཆེ་གནང་བ་དང་། མགར་དགོན་ཡར་མར་དང་མགར་དགེ་དགོན་བཅས་སྐྱར་བཞེངས་ཀྱི་སྲ་བརྟན་ཕུག་ཕེལ་རུ་དང་ཕུན་སུམ་ཚོགས་རུ་བཏང་བ་དང་། སྒྲུབ་གྲྭ་དང་བཤད་གྲྭ་སྨན་ཁང་བཅས་འཛུག་གནང་མཛད་པ་དང་། འབྲེལ་ཡོད་ས་གནས་ལྔ་རུ་སློབ་གྲྭ་འཛུག་གནང་མཛད་པ་སོགས་མདོར་ཙམ་ངོ་སྤྲོད་དུ་བྲིས་པ་ལས་ཞིབ་ཕྲ་བྲིར་མི་ལང་ངོ་།།རྗེ་ཉིད་དང་འགྲོགས་ཡུན་རིང་ཤིང་རྒྱུས་མངའ་ཅུང་ཆེ་བའི་སློབ་བུ་ཐུབ་བསྟན་ཉི་མའམ་དགའ་དཔེ་བླ་མས་བྲིས།

མགར་མི་འགྱུར་རིན་པོ་ཆེ།

མགར་ཆེན་སྐུ་ཕྲེང་གསུམ་པ་དྷརྨ་སུརྱའི་ཐུགས་སྲས་བླ་མཁྱེན་རྣམས་གཉིས་ཞེས་མགར་མི་འགྱུར་དང་རྣམ་རོལ་གཉིས་ལས་མགར་མི་འགྱུར་སྐུ་ཕྲེང་ལྔ་ཙམ་བྱུང་བ་ངག་རྒྱུན་དུ་བཤད་ཚུལ་ཡོད་ཀྱང་དོན་ལ་སྡོམ་པ་མི་འགྱུར་དང་གཉུ་བ་མི་འགྱུར། སྐོ་ནེ་མི་འགྱུར་གསུམ་ལས་མི་གསལ། ད་ལྟ་བཞུགས་པ་ནི་འགར་ར་མི་འགྱུར་ཞུ་ཞིང་ཁོང་ནི་ནང་ཆེན་མདོ་ཁམས་སྲིབ་མདའི་ཡབ་འགར་བ་ཀར་དགེ་དང་ཡུམ་བཀྲ་ཤིས་ཚེ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོར་སྐུ་འཁྲུངས། ཆུང་དུས་ནས་དམ་པའི་རང་གཤིས་ལྡན་ཞིང་ཞི་དུལ་བག་ཡོད་ཀྱི་བསླབ་གསུམ་ངུར་སྨྲིག་འཛིན་པའི་ཁྱུ་མཆོག་སྙིགས་དུས་བསྟན་པའི་སྒྲོན་མེ་གཅིག་ཏུ་གྱུར་པ་ནི་རྣམ་ཐར་གྱི་ཆེ་བ་ཉིད་དུ་ཤེས་སོ།

མགར་རྣམ་རོལ་རིན་པོ་ཆེ།

མགར་ཆེན་སྐུ་ཕྲེང་གསུམ་པ་དྷརྨ་སུརྱའི་ཐུགས་སྲས་བླ་མཁྱེན་རྣམས་གཉིས་ཞེས་པ་ལས་མགར་རྣམ་རོལ་སྐུ་ཕྲེང་ལྔ་ཙམ་བྱུང་བའི་ཚོད་དཔག་གྱི་ངག་རྒྱུན་ཡོད་ཀྱང་དོན་དངོས་མཚན་ཙམ་ཤེས་པར་དཀའ་བ་དང་། བཞི་པ་དཀོན་མཆོག་བསྟན་འཛིན་གཞན་ཕན་དབང་པོ་ནི་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གནས་སྒོ་ལྷུན་གྲུབ་ཨེ་ཝཾ་དགོན་དུ་ཡབ་སྨུག་རུ་དགེ་འདུན་དང་ཡུམ་དཔལ་ཆོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་མཁས་གྲུབ་གཉིས་ལྡན་གྱི་མཚན་ལྡན་བླ་མ་དམ་པའི་རྣམ་ཐར་འཆང་བའི་རྡོ་རྗེ་སློབ་དཔོན་ཆེན་པོ་བཞུགས་པས། ནང་ཆེན་རྒྱལ་པོ་གདུང་རབས་རེ་དྲུག་པ་དབང་དྲག་ཚེ་རིང་ལྷ་རྒྱལ་གྱིས་གཙུག་ཏུ་བཀུར་བའི་བླ་མ་བཅུ་གསུམ་གྲལ་དུ་མཆོད་ནས་ཆེ་འཐོབ་ཀྱི་བཀུར་བའི་འོས་སུ་གྱུར་པ་ཡིན་ནོ། །ལྔ་པ་དཀོན་མཆོག་ཀུན་བཟང་ཕྲིན་ལས་ནི། གདན་ས་དངོས་ཀྱི་ནང་དུ་ཡབ་གོང་མའི་གཅུང་འཚོ་མཛད་ངག་དབང་སངས་རྒྱས་དང་ཡུམ་བཅོད་བཟའ་གཡང་ཆེན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་བསྟན་དགོན་ལ་སྨིན་པའི་བྱ་བ་བྱེད་བཞིན་པར་བཞུགས་སོ།

འཆི་མེད་རྡོ་རྗེ་རིན་པོ་ཆེ།

།མགར་གྲུབ་ཐོབ་འཆི་མེད་རྡོ་རྗེ་ནི་མགར་དགོན་ཆོས་སྡེའི་ནང་ཚན་གྱང་དགེ་རག་ཤྲི་ཚང་དུ་ཡབ་རག་ཤྲི་ནོར་བུ་བཀྲ་ཤིས་དང་ཡུམ་བརྗིད་བཟའ་སྐྱིད་འཛོམས་གཉིས་ཀྱི་སྲས་སུ་མཐའ་དམར་ནང་དུ་འཁྲུངས་ཤིང་གྲུབ་པའི་རྟགས་མཚན་ལྷན་སྐྱེས་སུ་མངའ་བའི་བྱིས་པ་ངོ་མཚར་ཅན་བྱུང་བ་མགར་འཕྲི་ལས་ཡོངས་ཁྱབ་ཀྱི་རྗེས་སུ་བཟུང་ནས་གདམས་བཅུད་ཐོབ་པ་རྩེ་གཅིག་ཏུ་ཉམས་བཞེས་མཛད་པས་གྲུབ་པའི་གོ་འཕང་འཐོན་པོར་གཤེགས་ནས་སྲ་འཁྲེག་གི་རྡོ་ལ་ཞབས་རྗེས་འདམ་ལ་བཞག་པ་ལྟར་མཛད་པ་ད་ལྟ་དངོས་སུ་མཇལ་དུ་ཡོད་པ་སོགས་བོད་ཡུལ་མཐའ་དབུས་ཀུན་ལ་སྙིང་པོ་ཡི་གེ་དྲུག་མའི་ཆོས་ཀྱི་ཆར་ཆེན་ཕབ་པས་མགར་མ་ཎི་བླ་མ་ཞེས་འབོད་པའི་འགྲོ་དོན་ཕྲིན་ལས་ཀྱི་བདག་པོར་གྱུར་ནས་དགོན་གནས་རི་ཁྲོད་མང་པོ་བཏབ་པའི་ལོ་རྒྱུས་མངའ། མཐར་ས་ཁྱིའི་ཟིང་འཁྲུག་༡༩༥༨ལོར་ཆབ་མདོ་དགོན་པའི་འཚོགས་ཆེན་འདུ་ཁང་ནང་གཟུགས་སྐུའི་བཀོད་པ་བསྡུས། སྐུ་སྐྱེ་གཉིས་པ་སྤྲུལ་ཨ་ཆུང་ནི་ཡབ་འཇམ་དབྱངས་གྲགས་པ་དང་ཡུམ་མགར་ཆེན་བརྒྱད་པའི་ལྕམ་སྲིང་མ་ཀུན་བཟང་ཆོས་སྒྲོན་གཉིས་ཀྱིས་སྲས་སུ་འཕགས་ཡུལ་དུ་བལྟམས། ད་ལྟ་གོང་མའི་མཛད་ཕྲིན་སྐྱོང་ནས་བཞུགས་པ་དང་ད་དུང་སྐུ་གསུང་ཐུགས་ཀྱི་སྤྲུལ་སྐུ་དག་ཀྱང་བཞུགས་བཞིན་པ་ཡིན།

Go to Top